རྐང་གླིང་གི་འགྱུར་ཁུགས།

བསླུ་བྲིད་ཡིབ་འདྲའི་འཛུམ་ཞལ་དག།

ས་རྡུལ་འཚུབ་པའི་གྲོང་ན་ལྷགས།

རིང་ནས་གྱེས་པའི་གྲོགས་པོ་དེ།།

རེ་སྒུག་ས་ཚུགས་དང་པོ་ན།།

འགྱིག་གི་ངོ་གདོང་ཚེར་མས་རྒས།།

སྐྲ་དང་ཁ་སྤུས་སྐྱོ་སྣང་འཁུར།།

འདི་ལྟར་གསོན་པའི་རྐང་གླིང་བུ།།

ཚེ་རབས་གཅིག་གི་མྱ་ངན་ཡིན།།

ཡང་མོའི་གཤིས་ཀ་རླུང་གིས་བསྐྱོད།།

ལྕི་མོའི་གོམ་ཁ་རྡོ་ལ་ཐོགས།།

སེམས་ཤུགས་རལ་བའི་ས་སྲོད་དེ།།

ང་ལ་ཐོབ་པའི་གདམས་པ་ཡིན།།

ཐོབ་འོས་ཁ་པར་བུ་མོ་དེ།།

ཁ་སང་བར་ཐག་རྒྱང་དུ་ཕྱིན།།

ལོ་གསུམ་བྲིས་པའི་དྲན་ཐོ་དེ།།

སྤྱིལ་ཆུང་ཞིག་གི་ཟུར་ནས་རྒས།།

ཁོ་མོས་སྐྲ་ཚོགས་རླུང་ལ་བསྐུར།།

བརྩེ་སེམས་དག་ནི་ཆུ་ལ་གཡུག།

སྐྱོ་བས་འཇུམས་པའི་མིག་ཆུ་ཡིས།།

ས་ལ་གདུང་བའི་འཇའ་ཚོན་འཐག།

བརྩེ་བའི་ཟླ་བ་སྨག་གིས་ཟས།།

འབའ་རྡེའུ་དེ་ནི་གཞན་གྱིས་འཐུས།།

ཀྱེ་ཧུད་སྤུན་གསུམ་ཆང་ཁང་འདི།།

རྐང་གི་གླིང་བུ་ཁོ་ནས་གཉེན།།

ཆར་རླུང་འཚུབ་པའི་མཚན་ལྗོངས་དེར།།

བྱང་གི་སྐར་མ་སྨེ་བདུན་ཞེས།།

འོད་ཁྱིམ་ནང་གི་ཕྲུག་གུ་དག།

དེ་རིང་བདག་གིས་དྲན་ན་འོས།།

རྨི་ལམ་གྲོང་གི་མེ་ཏོག་འཚོ།།

འབྲོང་ཆུའི་འགྲམ་ན་ལང་ཚོས་ཕྱུག།

ཕྱིར་དྲན་དང་ནི་ན་ཟུག་དག།

བརྙན་འཕྲིན་ནང་གི་ཟློས་གར་འདྲ།།

ཉི་མ་ནུབ་པའི་ས་སྲོད་དེར།།

བརྩེ་བའི་ངོ་གདོང་ཆུ་ཡིས་བསྣེམ།།

ལུག་ཆུང་འཚོ་བའི་ཁོ་མོ་ཡིས།།

ང་ལ་སྙན་ངག་རྐང་གཅིག་གནང་།།

གྱེས་བྲལ་རླུང་བུ་ལྡང་བའི་ཉིན།།

མཆི་མའི་ཨ་རག་སྙིང་ལ་འཐུང་།།

གནས་ལ་འགྲོ་བའི་ཨ་ཅེ་དག།

ཁོ་བོ་དང་ནི་ན་ཟུག་གཅིག།

ཁ་བ་བུ་ཡུག་ག་ལེར་འཚུབ།།

མུན་པའི་མགྲོན་པོ་ཁད་ཀྱིས་སླེབས།།

རྩམ་དྲི་ཡལ་བའི་གནས་ཚང་དུ།།

སྡུག་གཏམ་ཁ་ཤས་གྲོགས་པོར་བཤད།།

ལྡུམ་ར་སྐྱ་བོའི་གྲུ་ཟུར་ནས།།

དྲན་གདུང་ལོ་མ་རླུང་ལ་བསྐྱོན།།

ཕྱིར་མིག་མེད་པའི་མི་དེ་ཡི།།

དྲ་ཚིགས་ནང་གི་སྐད་ཆར་སྒུག།

ལྕགས་སྨྱུག་ཕྲ་མོའི་འགུལ་སྟངས་དེས།།

རུས་རྐང་ཞིག་གི་བླ་སྲོག་གཉོར།།

ཤི་ན་དུར་ཁྲོད་འདི་ཡིན་པས།།

ང་ལ་མཆི་མ་གཏོང་མཁན་སུ།།

ནུབ་མཐའི་ཉི་འོད་འཇམ་པོ་དང་།།

ལྷིང་ཞིང་འཇགས་པའི་མཚོ་འགྲམ་དུ།།

ཁྱོད་ཀྱིས་ལྟོས་དང་ཁོ་བོ་ནི།།

ད་དུང་འགྲོ་སྟངས་གཅིག་གིས་བགྲོད།།

རེ་སྒུག་ས་ཚུགས་གཉིས་པ་ན།།

ང་དང་གྲོགས་པོའི་སྙན་ངག་ཡོད།།

ལོ་ཟླའི་ལྟེབས་དང་མཚོ་འགྲམ་དུ།།

གཏམ་རྒྱུད་ཆུ་མིག་རེ་རེ་འཁྱིལ།།

No comments:

修炼

修炼

欢迎光临

欢迎光临

没死之前

没死之前

游子

游子