འབྲི་ཤོག་དང་དེའི་འགྲམ་གྱི་སེམས་གཏམ།


གྲོགས་པོ། ཞིབ་ཏུ་བསམ་ཚེ། ང་ཚོ་ནི་ནམ་ཡང་བསམ་གཞིག་གི་ཀློང་ན་འཁྱམས་པའི་མི་ཡུལ་གྱི་སྤྲང་བོ་དག་རེད། ནམ་མཁའ་ལྟ་བུའི་
སྟོང་བསམ་གྱི་མཐོངས་ནས། ང་ཚོ་གཤོག་ཐོགས་བཞིན་རང་སེམས་ཀྱི་མཁའ་དབྱིངས་སུ་བསྐྱོད་ཅིང༌། ནམ་མཁའ་ནི་འཇིག་རྟེན་བདག་པོས་ང་ཚོ་ལ་གནང་བའི་འཆར་ཡན་གྱི་འཇིག་རྟེན་ཞིག་ཡིན་པ་འདྲ་བྱུང༌། རྒྱུ་མཚན་ནི་དེ་རུ་ང་ཚོར་ཡིད་ཚིམས་པའི་བསམ་གཞིག་གི་གནས་མལ་གཞན་ཞིག་ཡོད་སྲིད་ཅིང༌། ང་ཚོས་ཐོགས་རེག་བྲལ་བའི་བསམ་གཞིག་གི་སྟོང་དབྱིངས་ནས་རང་ལ་འཚམ་པའི་ཁོར་ཡུག་ཅིག་ཀྱང་བསྐྲུན་ན་ཅིའི་མི་ཆོག དེ་བས་བསམ་གཞིགས་ནི་འཛིན་ཐབས་བྲལ་བའི་མཛེས་སྡུག་གི་འཇའ་ཚོན་དེ་རེད།ཁོར་ཡུག་གི་འདུ་འཛི་དང་རང་སེམས་ཀྱི་རྙོག་འཛིང་ཡོད་ཚད། རེ་རེ་བཞིན་བསམ་གཞིག་གི་ལམ་བུ་འདི་བརྒྱུད་དེ་རང་སེམས་ཀྱི་དཀྱིལ་འཁོར་དུ་བརྟན་སེ་ལྷུང་བས། བསམ་གཞིག་གི་སྨིག་སྤྲིན་བརྡོལ་ཐུབ་པའི་རྟོགས་སད་ཀྱི་ཤེས་པ་དེ་ཅི་འདྲའི་རྙེད་དཀའ་ཨང༌།གྲོགས་པོ་ལགས། ཁྱོད་ཀྱིས་བཤད་ན་ང་ཚོའི་བསམ་གཞིག་གི་གཏིང་རྡོ་རུ་ཅི་ཞིག་ཡོད་དགོས།
གྲོགས་པོ་ལགས། ང་ཚོས་ཁེར་རྐྱང་གི་མགོ་བོ་ཡར་འདེགས་དུས། མཚམས་རེར་རྒྱང་རིང་གི་རི་རབ་དེ་མཐོང་ལ། དེ་མ་ཐག་ང་ཚོར་སེམས་འདུན་གཞན་ཞིག་སྐྱེས་དགོས་བའི་རྒྱུ་མཚན་ཅི།གྲོགས་པོ་ལགས། བསམ་གཞིག་གི་སྣེ་མོར་འགྲེང་བའི་འུ་གཉིས་ཀྱི་ལས་དབང་དེ་སྨིག་སྤྲིན་དང་འདྲ་ནའང་ཁྱེད་རང་འདི་ལྟར་སྔར་མུས་སུ་
འགྲོ་མཚམས་མི་འཇོག་པ་ཅི་ཞིག བསམ་གཞིག་གི་སྣེ་མོ་ནས་འུ་གཉིས་ཀྱིས་ཅི་ཡང་མ་རྙེད་ཀྱང༌། ད་དུང་བསམ་གཞིག་གི་སྣེ་མོ་ནས་ང་ཚོ་འདི་འདྲའི་ཉམ་ཆུང་ཞིང་འུ་ཐུག་ངང་རྒྱུ་དགོས་པའི་རྒྱུ་མཚན་གང༌།
གྲོགས་པོ་ལགས། སྡུག་བསྔལ་ཀྱིས་ཁྱབ་པའི་བསམ་གཞིག་དང་སྤྲོ་སྐྱིད་ཀྱིས་སྐྱོབ་པའི་བསམ་གཞིག་ནི། ང་ཚོའི་ནམ་ཡང་འཛིན་ཐབས་བྲལ་བའི་མི་ཡུལ་གྱི་འཇའ་ཚོན་དེ་ཡིན་ནམ།
གྲོགས་པོ་ལགས། རང་དབང་གི་ཁོར་ཡུག་ཅིག་ནས། དུས་ཚོད་དང་བར་སྣང་དབང་དུ་སྡུད་མཁན་ང་ཚོ་ཡིན་དགོས་ན། ང་ཚོའི་བསམ་
གཞིག་གི་ཀློང་བརྟོལ་མཁན་གྱི་དཔའ་བོ་དེའང་ཕྱི་ཕྱིར་ང་རང་ཚོ་ཡིན་དགོས་སམ། རེ་སྐྱིད་རེ་སྡུག་གི་བསམ་གཞིག མ་འོངས་པའི་ཉི་ཤར་གྱི་རྩེ་མོ་
རང་ཡིན་ན་ཅི་མ་རུང༌། ཡིན་ཡང༌། འདུ་ཤེས་གཞན་ཞིག་གི་དབང་གིས། ང་ཚོ་ནི་བསམ་གཞོག་སྣ་ཚོགས་ཀྱི་བྲན་གཡོག་མ་གཏོགས་བྱེད་མི་ནུས་པ་ཅི།
གྲོགས་པོ་ལགས། ཁྱོད་ཀྱིས་བལྟས་ན། ད་ལྟའི་འཚོ་བའི་ཁྲོད། ཆེས་མཁོ་བ་ནི་བསམ་གཞིག་ཨེ་རེད། སྡུག་སྣང་གིས་བཅོམ་པའི་བསམ་གཞིག་ཉམ་ཐག་དག་གིས་ཆུས་སྦངས་པའི་བསམ་གཞིག་གི་ལྷག་མ་རེད། ཞེ་འཚེར་བའི་རྨ་ཁའི་ཁེབས་པའི་བསམ་གཞིག་གི་ན་ཟུག ད་དུང་ཁྲག་གིས་སྦགས་
པའི་བསམ་གཞིག་གི་རོ་མ་འདི་དག་ནི། ང་ཚོས་ཨུ་ཚུགས་ཀྱིས་སྤྱོད་དགོས་པའི་དུས་རབས་ཀྱི་ཁ་ཟས་ཡིན་ནམ། ཞིབ་ཏུ་བསམ་ཚེ། དེ་དག་ནི་ང་ཚོའི་མི་ཚེ་ཧྲིལ་བོའི་གོད་ཆག་ཁོ་ན་རེད།
གྲོགས་པོ་ལགས། བསམ་གཞིག་སྟོང་གི་སྣེ་མོར་འགྲེང་བའི་ང་ཚོ། ཉི་ནུབ་དང་ནམ་ལངས་ཀྱི་གོ་རིམ་གྲངས་མེད་བཞུགས་པ་བདེན་མོད།
སྒྲ་དབྱངས་ལྟ་བུའི་བསམ་གཞིག་དང་རྨི་ལམ་ལྟ་བུའི་བསམ་གཞིག་མཐའ་དག་ཅི་འདྲའི་ཨ་ཐང་ཆད་པའི་ད་ལྟའི་ང་ཚོའི་བྱ་ཡུལ་ཐ་ཤལ་ཞིག་རེད་ཨང༌།
གྲོགས་པོ་ལགས། དབྱར་དགུན་སྟོན་དཔྱིད་དེ་བསམ་གཞིག་གི་ཁ་དོག་འཛིན་པའི་ལོ་གཅིག་གི་གོ་རིམ་རེད། འཇིག་རྟེན། སྔ་ནས་བསམ་ཡིད་ལས་འདས་པའི་བསམ་གཞིག་གི་ཞིང་ས་ཞིག་ཡིན་ལ། གལ་ཏེ། ཁྱོད་ལའང་ང་ལྟ་བུའི་སྡུག་བསྔལ་ཞིག་ཡོད་ན། དེ་འདྲ་བའི་བསམ་གཞིག་ལས་བརྒལ་ཐབས་བྲལ་ཨང༌། ང་ཚོའི་ཕ་མེས་ཡང་མེས་ཀྱིས་སྐྲུན་པའི་ལས་དབང་ཟླུམ་པོ། ད་ལྟའི་དུས་འདིར། ཁོར་ཡུག་གི་སྨྲ་འརྗོད་དང་རང་སེམས་ཀྱི་བསམ་
གཞིག་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་ཡིན་པས། བསམ་གཞིག་གི་ཀློང་འདི་ནས། ཆེས་མཁོ་བ་ནི་བསམ་གཞིག་གིས་བསམ་གཞིག་འཚོལ་བ་དང༌། བསམ་གཞིག་ཅིག་གིས་བསམ་གཞིག་གཞན་ཞིག་བཅོམ་དགོས་པ་དེ་རེད། འདི་ནི་གྲོགས་པོ་ཁྱོད་ལ་ནན་བཤད་བྱེད་འོས་པའི་འུ་གཉིས་ཀྱི་ལས་དབང་ཟླུམ་པོ་རེད།
གྲོགས་པོ་ལགས། བསམ་གཞིག་ལ་རྒྱལ་ཕམ་ཡོད་པས། ཁྱོད་ཀྱིས་བལྟས་ན།ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའང་བསམ་གཞིག་གི་ཐོབ་
འབྲས་རེད་ཟེར་ན་ཁྱོད་རང་ཨེ་འཐད། ད་དུང་སྲོག་གཅོད་མི་ཆོག་པ་དང་གཡོ་བྱེད་མི་ཆོག་པའང་བསམ་གཞིག་གི་ནང་དོན་རིགས་ཤིག་ལ་གཏོགས་ན། ཁྱོད་རང་སྐྱེ་བ་འདི་དང་སྐྱེ་བ་གཞུག་མ་ཞིག་ལ་བསམ་མེད་པའི་འཇིག་རྟེན་གཞན་ཞིག་གི་བདག་པོ་ཡིན་པའི་ངེས་པ་ཡོད་དམ།
གྲོགས་པོ་ལགས། ངེད་ཅག་གི་བསམ་གཞིག་ནི་མཁའ་མཐའི་སྤྲིན་པ་དེར་བཅོལ་ཞིང༌། རྒྱུགས་སུ་འབབ་པའི་ཆུ་མོ་དེར་བསྐུར་ཡོད། ཁྱེད་
ཀྱིས་འཛིན་ཐབས་ཡོད་ན། ངེད་ཅག་གི་བསམ་གཞིག་གིས་ཁྱེད་ལ་ལུགས་མེད་ཀྱི་དགོད་སྒྲ་ཞིག་དང་ཞེ་མེད་ཀྱི་སྔངས་སེམས་ཤིག་སྟེར་ཡང་སྲིད། འོན་ཀྱང་ཁྱོད་ཀྱིས་ཞིབ་ཏུ་སོམས་དང༌། ཁྱོད་ཀྱི་བསམ་གཞིག་ལ་ཁྱད་པར་ག་འདྲ་མཆིས་སམ། ཡང་ན་ཁྱོད་ཀྱི་ལས་དབང་དང་བདག་གི་ལས་དབང་ལ་ཁྱད་པར་ག་འདྲ་མཆིས་སམ།
གྲོགས་པོ་ལགས། སྒོར་སྒོར་འདྲ་བའི་མི་ཚེ། འཇོང་འཇོང་གི་མི་ཚེ། ནར་ནར་གྱི་མི་ཚེ། དལ་དལ་གྱི་མི་ཚེ། མགྱོགས་མགྱོགས་ཀྱི་མི་ཚེ།
ངེད་ཅག་ལས་དབང་ཟླུམ་པོའི་གདན་སྟེང་དུ་ཅི་ལྟར་བསྡད་ན་འོས། ངེད་ཅག་ལས་དབང་ཟླུམ་པོའི་བཤུལ་ལམ་ནས་ཅི་ལྟར་སོང་ན་འགྲིག

དྲན་པའི་གཞིས་ཆུང་།



རང་སེམས་སོང་བའི་མི་དེ།།
གཏན་གྱི་འདུན་མར་མ་བྱུང༌།།
རྒྱ་མཚོའི་གཏིང་ནས་ནོར་བུ།།
ལོན་དང་མ་ལོན་མི་འདུག།



མི་ཆེན་དཔོན་པོའི་སྲས་མོ།།
སྐུ་ལུས་རྒྱགས་ལུགས་བལྟས་ན།།
ཁམ་སྡོང་མཐོན་པོའི་རྩེ་ཡི།།
འབྲས་བུ་བཟོས་པ་འདྲ་བྱུང༌།།

གྲུ་ཤན་སེམས་པ་ཡོད་པས།།
རྟ་མགོས་ཕྱི་མིག་བལྟས་བྱུང༌།།
བྱམས་པར་ཁྲེལ་གཞུང་མེད་པས།།
ང་ལ་ཕྱི་མིག་མ་བལྟས།།

བྲིས་པའི་ཡི་གེ་ནག་ཆུང༌།།
ཆུ་དང་ཐིགས་པས་མ་འཇིག།།
མ་བྲིས་སེམས་ཀྱི་རི་མོ།།
དུས་དང་རྒས་པས་བསུབ་སོང༌།།

སྟོབས་ལྡན་ཧ་ལོའི་མེ་ཏོག།
མཆོད་པའི་ས་ལ་བཞག་ན།།
གཡུ་སྦྲང་གཞོན་ནུ་ང་རང༌།།
ལྷ་ཁང་ནང་ལ་མི་བཏུད།།

སེམས་སོང་བྱམས་པ་མ་བཞུགས།།
རྒྱལ་ཁམས་གཅོད་ལ་ཕེབས་ན།།
ཕོ་གཞོན་ང་ཡང་མི་འདུག།
ས་མཐའ་འགྲིམ་ལ་ཐལ་འགྲོ །།

བུ་མོ་ཆུང་འདྲིས་བྱམས་པ།།
སྤྱང་ཀིའི་རིགས་རྒྱུད་མིན་ནམ།།
ཤ་འདྲེས་པགས་འདྲེས་བྱུང་ཀྱང།།
ང་རང་ཟ་གྲབས་མཛད་ཀིས།།

རྟ་རྒོད་རི་ལ་ཤོར་བ།།
རྙི་དང་ཞགས་པས་མ་ཟིན།།
བྱམས་པ་ངོ་ལོག་རྒྱབ་པ།།
ངན་མཚང་སློག་པས་ཐུབ་སོང༌།།

མདའ་མོ་འབེན་ལ་མ་ཕོག།
མདེའུ་ས་ལ་འཛུལ་སོང༌།།
ཆུང་འདྲེས་བྱམས་པར་མ་འཕྲད།།
སེམས་ཉིད་རྗེས་ལ་འབྲངས་སོང༌།།

དང་བོ་མ་མཐོང་ཆོག་ག།
སེམས་པ་མ་ཤོར་ཆོག་ག།
གཉིས་པ་མ་འདྲེས་ཆོག་ག།
སེམས་གཅོང་མ་ཡོང་ཆོག་ག།

ཤིང་དེ་བརྒྱ་ཡི་ནང་ནས།།
རྒྱ་ལྕང་སྡོང་བོ་གདམས་ཡོད།།
རྒྱ་ལྕང་ཁོག་པ་རུལ་བ།།
ཨོ་ལོས་ཤེས་ཀྱང་གསང་ཡོད།

ན་ཟུག་མེད་པའི་ཁྱོད།

མེས་པོ་ཚོའི་སྙན་གྲགས་དང་བཀའ་དྲིན་ལ་བསྙེས་ནས
དཔའ་ཡོད་ཚུལ་དང་སྟོབས་ཆེ་ཚུལ་གྱི་གནའ་སྒྲུང་རིང་མོ་ཞིག་ཟློ་བཞིན
ལྷ་འདྲེ་ཡོད་པའི་ངག་རྒྱུན་འདིའི་ཀློང་ནས་གཏན་དུ་བཟི་སོང
བཟི་སོང་བའི་གོ་རིམ་རེ་རེར
གཞན་གྱིས་ཁྱོད་ལ་མཆིལ་ཞགས་འཕངས་ཀྱང
ཁྱོད་ད་དུང་སྦྲ་ནག་གི་རུམ་ན་ང་རྒྱལ་གྱིས་འགྱིངས་འདུག

འཚོ་སྟངས་འདིའི་ཆེད་དུ
འཆི་ཕོད་པའི་དཔའ་བོ་མོད་ཀྱང
ན་ཟུག་མི་གཅིག་པའི་འཆི་སྟངས་འདི་མུ་མཐུད་དུ་འཁྲུངས་བས
ཞོགས་གསར་གྱི་གླུ་སྒྲས
ཁྱོད་རང་རྩྭ་ཐང་གི་པང་ནས་དཀྲོགས་ཐུབ་མི་འདུག་ཡ

གདོད་མ་ནས
ཁྱོད་ནི་བྱམས་སེམས་ཀྱི་བདག་པོ་ཡིན་ཟེར
གཅན་གཟན་གྱི་པགས་པ་གྱོན་ནས
ཡིག་དྲུག་གི་བྱིན་རླབས་སྒོམ་དུས་ཀྱང
ཁྱོད་ལ་འགལ་འདུའི་ཚོར་བ་སྐྱེས་མ་མྱོང་ཨང

སྤྲེའུ་སྲིན་གྱི་རྒྱུད་ལས་སྐྱེས་བ་བདེན་དཔང་བྱས་བ་ཡིན་ནམ
གང་ལྟར་རུས་ལ་སིམ་གྱིན་པའི་ནོར་འཁྲུལ་གྱི་བསམ་བློ་ཉར་ཏེ
དུས་གསུམ་ལ་ལད་མོ་རྐྱང་རྐྱང་གི་ཟློས་གར་འཁྲབ་ནས
རང་ཉིད་གཡང་ལ་འདེད་བཞིན་པའང་ཚོར་གྱིན་མི་འདུག

ཤེས་ལྡན་གཞོན་ནུ་ཞིག་གི་སྙིིང་སྟོབས།


གཡུང་ལྷུན་འགྲུབ་ཅེས་པའི་ལོ་ཆུང་ཤེས་ལྡན་ཞིག་གིས་བོད་མི་རིགས་ཀྱི་བདེ་དོན་གྱི་ཆེད་དུ་གཅེས་སྲོག་བདེན་དཔང་དུ་བཞག་ཡོད་ལ།མངོན་པར་མཐོ་བའི་ཁང་བརྩེགས་བརྗིད་པོའི་སྟེང་དུ་མཆོངས་སྐབས་༼དཀོན་མཆོག་རྣམ་གསུམ་གཙུགས་ཏུ་བཀུར་ནས།།རྒྱལ་དབང་བླ་མར་གསོལ་བ་འདེབས།།༽ཞེས་ངག་ནས་ལྷང་ལྷང་དུ་གྲག་གིན་འདུག་སྐད།བདག་གིས་རང་སྲོག་རང་གིས་གཅོད་དོན།ང་ལ་ཟས་གོས་གནས་མལ་གྱིས་མནར་ཞིང་ནད་ཀྱིས་གཟེར་བཏབ་པ་མིན་ལ། གཅེས་པའི་ལུས་སྲོག་འདི་ལ་གཙི་བཀུར་མ་བྱས་པ་ནི་དེ་བས་མིན། དེང་བོད་གངས་ཅན་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པར་སྡུག་བསྔལ་གྱིས་གདུང་ཞིང་ཉིན་མཚན་འཁྱོལ་དཀའ་བ་འདི་འཛམ་གླིང་མི་དམངས་ཡོངས་ཀྱིས་གསལ་རྟོགས་ཡོངས་སླད།བདག་གི་མི་ལུས་རིན་ཆེན་འདི་བློས་གཏོང་བྱས་ཏེ་བདེན་དཔང་བྱེད་རྒྱུ་ཡིན།བདག་གི་སེམས་ཁོང་ན་ལྷོག་ལྷོག་ཏུ་འཕྱུར་བའི་གཏམ་མཆིད་གཉིས་ནི།དང་པོ།བོད་ལ་རང་དབང་མ་ཐོབ་བར་ཚང་མའི་དེའི་ཕྱོགས་ལ་འབད་བརྩོན་བྱ་དགོས།གཉིས་པ།དགེ་སློབ་ཚང་མས་བོད་ཀྱི་ཕ་སྐད་རྒྱུན་འཛིན་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་དེ་ཡིན།ད་དུང་ཕྲན་གྱི་ལག་གཡོན་པར་རྣོན་པོ་རལ་གྲིས་བོད༽ཅེས་བྲིས་ཡོད་པ་འདི་ཕྲན་སླར་ཡང་ཉིང་མཚམས་སྦྱར་ཏེ་ལུས་རྟེན་གསར་བ་ཞིག་ལེན་སྐབས་སྐྱེས་པ་འདི་ངེས་འཛིན་བྱེད་ཀྱི་མཚོན་རྟགས་ཡིན་ཞེས་ཁོའི་ཨམ་ཕྲག་ནང་དུ་བཅུག་ཡོད་པའི་ཤོག་ངོས་སྟེང་གསལ་འདུགད་དུང་ལུས་རྟེན་མ་ཞིག་པའི་ཉིན་གཉིས་ཀྱི་སྔོན་ཕ་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག་གི་དབུར་༼དཀོན་མཆོག་རྣམ་གསུམ་གཙུགས་ཏུ་བཀུར་ནས།།རྒྱལ་དབང་བླ་མར་གསོལ་བ་འདེབས།།༽ཞེས་བྲིས་འདུགགཡུང་རུང་ལྷུན་འགྲུབ་ཚེ་རིང་ནི༡༩༩༢ལོར་མཚོ་བྱང་ཁུལ་རྐང་ཚ་རྫོང་གཡུང་རུང་དཔོན་སྐོར་གྱི་ཕ་བཀྲ་ཤིས་རྣམ་རྒྱལ་དང་མ་ཆོས་མཚོ་གཉིས་ཀྱི་བུར་བཙས།རང་ལོ་བཅུ་བ་སྟེ་༢༠༠༡ལོར་འོམ་བུ་ཆུ་ཞིང་བཅའ་སྡོད་སློབ་གྲར་ཞུགས་ཤིང་འཛིན་གྲ་རིམ་འཕར་གྱིས་སློབ་ཆུང་མཐར་སོན།ཉིས་སྟོང་དྲུག་དང་བདུན།བརྒྱད་ཀྱི་ལོ་མགོའི་བར་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་སློབ་སྦྱོང་ལ་འབད་པ་མི་དམན་པ་བྱས་ཏེ་ཕུལ་བྱུང་སློབ་མའི་བྱ་དགའ་ཡང་ཐོབ་མྱོང་།་སློབ་གྲའི་གུང་སེང་སྐབས་རྣམས་སུ་རྐང་ཚའི་དགོན་ཆེན་གྱི་སློབ་གྲ་ཞི་བདེ་ཤེས་རིག་གླིང་དུ་བོད་ཀྱི་རིག་གནས་ཐུན་མོང་བ་སུམ་དག་སྙན་གསུམ་དང་རྒྱ་དབྱིན་སྐད་ཡིག་ལའང་ཟུར་སྦྱོང་བྱས།ཁོས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་ཚགས་པར་དང་དུས་དེབ་སོགས་སུ་ཐོན་ཡོད་པ་མ་ཟད།རྒྱུད་སྐུད་ཕྲ་མོ་༽ཞེས་པའི་སྙན་དེབ་ཞིག་པར་བསྐྲུན་བྱས།༢༠༠༨ལོིའི་སུམ་བཅུ་དུས་དྲན་ནས་བཟུང་བོད་ས་སྟོད་སྨད་ཀུན་ཏུ་རྒྱ་གཞུང་གི་སྲིད་ཇུས་ནོར་འཁྲུལ་ཅན་ལ་བོད་མི་དམངས་ཀྱིས་མི་འདོད་པའི་འོས་ལངས་ཆེན་པོ་བྱས་དང་བྱེད་བཞིན་པ་ཐོས་པས།རང་དང་བསམ་བློ་གཅིག་པའི་སློབ་མ་ཁག་ཅིག་དང་ལྷན་དུ་སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ནས་བཟུང་སྲིང་ལམ་ཁག་ཏུ་ཡིག་ཆ་གཏོར་བ་དང་བརྩིགས་པ་དང་གྱང་ངོས་སོགས་སུ་སྦྱར་ཡིག་སྦྱར་བ་དང་སྣག་ཚ་དང་ལྕགས་མཚོན་སོགས་ཀྱིས་བོད་རང་དབང་རང་བཙན་གྱི་ཡི་གེ་བྲིས་བ་མ་ཟད།སློབ་གྲའི་མདུན་ཐང་དུ་དཔྱངས་པའི་རྒྱ་མིའི་དར་དམར་མར་ཕབ་ཅིང་།ཤུལ་ཏུ་ལག་བྲིས་བྱས་པའི་གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་བཏགས་པ་སོགས་ཀྱི་ལས་འགུལ་སྣ་ཚོགས་བྱས་མོད།འོན་ཀྱང་ཚེས་༡༨ནས་བཟུང་སློབ་གྲའི་ཕྱི་ནང་ཀུན་ཏུ་དམ་དྲག་ཤུགས་ཆེན་བྱས་པར་བརྟེན་རེ་ཞིག་དེ་མུར་ལུས།ཟླ་དྲུག་པའི་ནང་བོད་ཡིག་སློབ་པར་ཆེད་དུ་དམིགས་ཏེ་རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་མཐོ་འབྲིང་དུ་འཛུལ་ཞུགས་བྱས་ཏེ་ཟླ་འགའ་ལས་སོང་མེད་ནའང༌།སློབ་སྦྱོང་དང་ཀུན་སྤྱོད།བསམ་བློ་གཏོང་ཕྱོགས་གང་ཅིའི་ཐད་ནས་ཕུལ་བྱུང་སློབ་མའི་གྲས་སུ་ཚུད་ཡོད་འདུག་པ་མ་ཟད།བོད་ཡིག་དང་བོད་སྐད་ལ་ཤིན་ཏུ་དུང་ཞེན་ཆེ་ཞིང་མཐོ་རིམ་སློབ་མའི་ཤེས་ཚད་དང་མཉམ་པ་ཡོད་འདུགད་དུང་ཁོས་ཡུན་རིང་དུ་བོད་མི་རིགས་ཀྱི་རྩ་་དོན་གྱི་ཐད་ཟིན་བྲིས་མཛད་པ་འབྲི་དེབ་བཞི་ཡོད་པ་ལས་གཅིག་གི་ཁ་བྱང་ལ་༼བཙོན་འོག་ཏུ་ལུས་པའི་བོད་མི་༽བྱས་པ་མ་གཏོགས་གཞན་རྣམས་ཉེན་རྟོགས་པའི་ལག་ཏུ་ཤོར་ཟིན།ཁོས་དེ་ལྟར་བོད་ཀྱི་བདེ་སྡུག་ལ་མནོ་བསམ་བཏང་།སློོབ་སྦྱོང་ལ་སྦྱང་བརྩོན་ལྷོད་མེད་བྱེད་བཞིན་པའི་མུར་ལུགས་རྙིང་གི་ཟླ་༡༠པའི་ཚེས་༡༨ཉིན་བོད་མི་རིགས་ཀྱི་བདེ་དོན་གྱི་ཆེད་དུ་གཅེས་སྲོག་བདེན་དཔང་དུ་བཞག་ཡོད་ལ།མངོན་པར་མཐོ་བའི་ཁང་བརྩེགས་བརྗིད་པོའི་སྟེང་དུ་མཆོངས་སྐབས་༼དཀོན་མཆོག་རྣམ་གསུམ་གཙུགས་ཏུ་བཀུར་ནས།།

རྒྱལ་དབང་བླ་མར་གསོལ་བ་འདེབས།།༽ཞེས་ངག་ནས་ལྷང་ལྷང་དུ་གྲག་བཞིན་སྤོབས་པ་དང་གཟི་བརྗིད་ཀྱི་ངང་ནས་འཇིག་རྟེན་གཞན་ཞིག་ཏུ་བཞུད་པའི་ལོ་རྒྱུས་ཉུང་བསྡུས་སོ།།

སྦྲ་ནག་གི་རྨི་ལམ།

དུས་ཀྱི་གདུག་རྩུབ་རང་བྱུང་ཁམས་ལ་སླེབས།།
སྤང་གི་མེ་ཏོག་སད་སེར་རླུང་གིས་འཁུར།།
སྦྲ་ནག་རྨི་ལམ་ངེས་མེད་གྲོང་ལ་འཁྱམས།།
གནའ་སྒྲུང་མདུད་པ་ཁད་ཀྱིས་ཁད་ཀྱིས་ཞིག།

དགུན་གྱི་གྲང་ངར་གཙང་བོའི་སྙིང་ལ་ལྷུང༌།།
གཙང་བོའི་གླུ་སྐད་མ་འཁྲོལ་ལྐུགས་པར་གྱུར།།
གངས་ཐང་སྐྱ་བོར་སྦྲ་ནག་བདག་མེད་ཅིག།
འབྲོང་རྒོད་ས་ལ་འགྱེལ་བའི་ངང་དུ་འདུག།

འཁྱག་རླུང་ཁ་དུག་བཙན་པོས་ལྗིད་ཀྱིས་མནན།།
བྱང་ཁོག་སྟོད་ལ་སོས་མེད་རྨ་ཞིག་ཕོག།
ལྷ་སྲུང་སོ་སོར་བྲོས་པའི་དུས་ཚིགས་དེ།།
ལྟས་ངན་ང་ཚོར་བསྟན་པའི་ལོ་རྒྱུས་ཡིན།།

སྒོ་དར་རླུང་གིས་སྒུལ་བའི་བར་གསེང་ནས།།
གསུང་གི་ཡིག་འབྲུ་རེ་རེས་མྱ་ངན་བརྗོད།།
མེས་པོའི་རུས་མཛོད་རྙིང་བའི་རྡོ་གཞུང་ནས།།
མི་ཐོག་ཐེངས་ཤིག་བརྗེས་བའི་གོམ་འགྲོས་རྙེད།།

སྦྲ་ནག་དུད་དྲེགས་ཅན་པོའི་ཚེ་སྲོག་ཉམས།།
བུ་རྒྱུད་རུས་གདུང་ཅན་པོའི་རླུང་རྟ་རྒུད།།
འགྱིག་བཟོས་རྩེད་ཆས་བསྒྲིགས་པའི་གྲོང་ཁྱེར་གྱིས།།
ཕ་གཞིས་རྡོ་མཁར་སྨུག་པོར་བསླུ་བྲིད་ཐེབས།།

ཕ་ཡུལ་ཁ་ཐག་རིང་བའི་མཛའ་གཤིས་ལ།།
སྙིང་གཏམ་ཡི་གེར་ཕབ་ནས་འཕྲིན་ཞིག་བསྐུར།།
འཕྲིན་ལ་འཕྲིན་ལན་མེད་ལ་ལོ་འགའ་ལྷག།
སྡུག་ལ་སེམས་གསོ་མེད་པར་ལོ་འགར་ལུས།།

ཁ་བ་ལྷབ་ལྷུབ་འབབ་པ་སྐྱོ་ཉམས་ཡིན།།
ལོ་མ་ཤག་ཤག་འཐོར་བ་སྨེ་ངག་ཡིན།།
སྦྲ་ནག་ཞལ་ཆེམས་རྨུ་ཐག་རིང་མོ་འདིས།།
ཤི་བོ་གསོན་ལ་འཁྲེང་བའི་སྙིང་རུས་བསྐྱེད།

修炼

修炼

欢迎光临

欢迎光临

没死之前

没死之前

游子

游子