ཁ་བ་ཅན་གྱི ༢ ༠ ༠ ༨

མེས་པོ་དག་གིས
བསང་ཞིག་ཕུལ་ནས་དུང་ཞིག་བུས་ཏེ
ཁྱོད་རང་བུ་ཕོ་ཞིག་ཏུ་བོས་མྱོང་ནའང
ཁྱོད་ཀྱིས
དཀར་ཡོལ་བཟེད་བཞིན་བྲག་སྲིབ་ནས་འཛར་བའི་ཁྲག་ཁུ་འཐུང་བ་དེར
རྗེས་རབས་པ་སུ་ཞིག་གིས བཟོད་སྒོམ་བྱ་ནུས
-----ཚོར་བ་ཐོག་མ།
༢༠༠༨ རེ་བ་དང་སྟོབས་ཤུགས་ཀྱིས་སྦར་བའི་མེ་ལྕེ་ཞིག་ཡིན་ན
ངའི་འཐབ་འཛིང་གི་དུང་སྒྲར་རྣ་བ་གླེག་པའི་སེམས་པ་དེ་བུད་ཤིང་ཞིག་དང་མཚུངས
སྒུག་ཚུལ་དེས
བདག་གི་དོན་ལྔ་སྣོད་དྲུག་མཐའ་དག་མཚོན་ཆའི་མཛོད་ཁང་ཞིག་ཏུ་བསྒྱུར་བཞིན
ཕྱིར་དབྱུང་བའི་དབུགས་ཀྱི་ཁ་རླངས་ལའང་མེ་རྫས་ཀྱི་དྲི་མ་སྟུག་པོ་ཞིག་འཐིབ་ནས་ཡོད
མགྱོགས་བགྲོད་མེ་འཁོར་ཞིག་གི་སྟེང་ནས
༢༠༠༨ཀྱི་བཞིན་རས་ལ་ཕྱིར་བལྟ་ཞིག་བྱས་ན
གས་ཟིན་པའི་ལྕགས་མཁར་གྱི་གྱང་སྲིབ་ནས
ཡལ་ཟིན་པའི་རྣམ་ཤེས་དག་གི་ལག་པ་ཕྱིར་བསྲིང་འོང་སྟེ
“རང་དབང རང་དབང ”ཟེར་དུས
ང་ཚོས་ཀྱང་འབར་ལ་ཁད་ཀྱི་སྙིང་གསོན་པོ་དེ
ཕྱིར་ཕྱུང་ནས
འཇིག་རྟེན་གྱི་སྨག་རུམ་མཐའ་དག་གསལ་བའི་ངར་སྐད་ཅིག་བསྒྲགས་དང་ཅི་ལ་མི་ཆོག
རྟ་རྒྱབ་ཏུ་རྨས་པའི་ལོ་རྒྱུས་ཀྱི་དཔའ་བོ་རེ་རེ
ཤོག་ཧྲིལ་འགའ་དང་ལྷན་ཏུ་མེ་ལ་འཚིག་གིན་པའི་དེ་རིང
ང་ཚོས་ཀྱང
རང་རང་གི་རུས་རྐང་ལས་བཙུར་བའི་ཤ་ཁྲག་གི་བཙན་རྫོང་ཁོ་ནས
དབྱངས་གསལ་གྱི་སྲོག་རྩ་འབྲེགས་པའི་ཇག་པ་དེའི་ཧམ་སེམས་འགོག་དགོས
ཡང་ན མ་འོངས་པའི་དུས་ཤིག་ལ
སྐྱེས་རྒྱུད་ཀྱི་རྩ་བ་སྐམ་ནས་མེས་པོའི་བླ་མཁར་བརྗེད་སྲིད་པའི་དུས་ཤིག་དང
ལོ་རྒྱུས་ཀྱི་རྫ་བུམ་གས་ནས་མི་རིགས་ཀྱི་བླ་སྲོག་འཐོར་སྲིད་པའི་དུས་སྐབས་ཤིག་ཀྱང་ཡོད་སྲིད་སྲིད་མོད
འོན་ཀྱང་དུས་སྐབས་དེ་ནི དེ་རིང་མིན་པ་ང་ཚོ་ལ་ཡིད་ཆེས་བརྟན་དགོས
དེ་ལྟ་མིན་ན
ཡང་སྙིང་ང་ཚོས་ལོ་ཏོག་རེ་བཏབ་ནས་སྟོན་ཁ་ཞིག་ལ་རེ་སྒུག་བྱེད་པའི་དགོས་པ་ཅི་ཞིག
ཁྱིམ་གཞིས་སྔར་བཞིན་བཙུགས་དང་ཆོག་ལ
བརྩེ་བ་སྔར་བཞིན་བཙལ་དང་ཆོག་ན
ཁྱོད་ཀྱིས་སེམས་ཁུར་གྱི་གད་སྙིགས་སྒྲོམ་བུ་གང་སེམས་ལ་ཉར་བཞིན
ས་རྡུལ་གྱིས་ཟས་ཚར་བའི་རྨི་ལམ་ཞིག་ལ་སྐྱབས་རེ་དོན་ཅི་ཡིན
ལྷ་སྐུའི་གཟུང་བཞུགས་ལ་འཕྲུལ་འཁོར་གྱི་ལྷུ་ལག་སྤྲད་ནས
ཁ་བ་ཅན་གྱི་སེམས་ཁ་གདོན་གྱིས་བརླམས་པའི་དེ་རིང
ཁྱེད་ཀྱིས་མར་མེ་སྐོང་བུ་གང་གི་མིག་ཆུ་བཞུར་སྟངས་ལ
སེམས་ཁ་འཚིག་དོན དོན་སྙིང་ཅི་ཞིག་གིས་སྟོང་ནས་ཡོད
མགོ་བོ་ཡར་ལ་དགྱེས་ཤིག
ཡབ་ཆེན་གྱིས་བསྩལ་བའི་ཁྲག་གི་མེ་ཏོག་དེ་བྲང་ཁར་ཐོགས་ལ
ནམ་ཡང་འཆི་མི་སྲིད་པའི་སེམས་པ་དེའི་སྟོབས་ཤུགས་ཀྱི་ཕྱིར་ན
ཁྱོད་ཀྱིས་གཞོན་ཤ་ཅན་གྱི་ལུས་པོ་འདི
གཉེར་མས་བྲན་ཏུ་འགྱུར་རེག་ཅིག་ལ་བེད་སྤྱོད་གཏོང་རོགས
༢༠༠༨ཀྱི་རྐང་རྗེས་དེ
ལོ་ཐོའི་ངོས་ནས་ཚལ་བར་གཤག་རེག་ཏུ
ཁྱེད་ནས་རང་སེམས་ལ་ལྕགས་སྲེག་གི་ཐམ་ཀ་ཞིག་རྒྱགས་རོགས
དམིགས་ས་དེ་འོད་སྟོང་འབར་བའི་སང་ཉིན་གྱི་ཉི་མ་དེ་ཡིན་ནའང
ས་རུབ་རེག་ཅིག་ལ
ཁྱོད་ཀྱིས་རང་གི་རང་གཤིས་ལས་སྙེམས་པའི་རང་དབང་གི་འཕྲིན་ཡིག་དེ
འཆི་བདག་ལ་བསྐུར་རོགས
འགྲོ་ཤེས་ན དམྱལ་བ་དེ་ལྷ་ཡུལ་ཡིན་ཞིང
ལེན་ཤེས་ན འོད་ཟེར་དེ་ང་ཚོས་ཡིན


No comments:

修炼

修炼

欢迎光临

欢迎光临

没死之前

没死之前

游子

游子